Tsurphu Labrang
Tsurphu Labrang is officials page @ Office of His Holiness the 17th Gyalwang Karmapa
27/05/2026
23/05/2026
ཆོས་རྗེ་དེ་བཞིན་གཤེགས་པས་ཀཾ་ཚང་པ་ཡོངས་ལ་གནང་བའི་བཀའ་ཤོག །
ཨོཾ་སརྦ་སྭསྟི་སིདྡྷི་ཧཱུཾ། དཀོན་མཆོག་གསུམ་གྱི་བྱིན་བརླབས་ཀྱིས། ཀརྨ་པའི་གཏམ། གདུལ་བྱར་གྱུར་པ་ཀམ་ཚང་ལ་གཏོགས་པ་རྣམས་ལ་ཟློ་བ། ངེད་རང་གི་རྒྱུད་པ་འདི་རྒྱ་གར་རྒྱལ་པོའི་བརྒྱུད་པ་ཡང་མ་ཡིན། ཧོར་གྱི་རྒྱལ་པོ་དང་། རྒྱ་ནག་རྒྱལ་པོ་སོགས་ཀྱི་རྒྱུད་པའང་མ་ཡིན། སྤྱིར་ང་བཙན། ང་ཕྱུག །ང་ཆེ་ཟེར་བའི་མི་དཔོན། བླ་དཔོན་གང་གི་ཡང་རྒྱུད་པ་མ་ཡིན། གང་གི་རྒྱུད་པ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་རྒྱུད་པ་ཡིན། དེ་ཡང་བཤད་རྒྱུད་སྒྲུབ་རྒྱུད་གཉིས་ཡིན་པ་ལ་བསྒྲུབ་རྒྱུད་གཙོ་ཆེ་བ་ཡིན་ཅིང་། དེ་ཡང་རྒྱ་བོད་ཀྱི་གྲུབ་ཆེན་གནམ་གྱི་སྐར་མ་ཙམ་ལ། ཕྱི་མཐའི་མུར་ཐུག་གི་བར་སློབ་རྒྱུད་དཔག་ཏུ་མེད་པ་ལས་འོ་སྐོལ་གྱི་རྒྱུད་པ་འདི། རྗེ་མིད་ལ་དང་། ཆོས་རྗེ་ཟླ་འོད་གཞོན་ནུ། དཔལ་ལྡན་དུས་གསུམ་མཁྱེན་པ་ཡབ་སྲས་རྣམས་ཀྱི་རྗེས་བཞིན་འཇུག་པའི་བསྒྲུབ་རྒྱུད་ཡིན། བསྒྲུབ་རྒྱུད་རིན་པོ་ཆེ་འདི། གང་དང་གང་གིས་ཇི་ལྟར་འཛིན་ཅེ་ན། གཞི་ཚུལ་ཁྲིམས་ཀྱི་བསླབ་པ་དྲི་མ་མེད་པ་དང་། ཟབ་མོའི་དབང་གི་ངེས་པས་རྒྱུད་ཡོངས་སུ་སྨིན་པ་ཞི་ལྷག་ཟུང་དུ་འབྲེལ་པའི་ཏིང་ངེ་འཛིན་བླ་ན་མེད་པའི་རྣལ་འབྱོར་ལ་གནས་པ། ཆོ་འཕྲུལ་གསུམ་གྱིས། སེམས་ཅན་མང་པོའི་དོན་ཕན་པ་དང་། བདེ་བ་རྒྱ་ཆེན་བསྒྲུབས་པས་ཐམས་ཅད་སངས་རྒྱས་ཀྱི་སར་ངེས་པ་ཉིད་དུ་གཞོལ་བར་མཛད་པ་དང་། གཞན་ཡང་བསྐྱེད་པའི་རིམ་པ་མཆོག་ཏུ་ཟབ་མོ་ལ་བརྟན་པ་ཐོབ་པས་སྣང་སྲིད་མཐའ་དག་དབང་བསྒྱུར་བར་ནུས་པ་དང་། གཞན་དུ་རྒྱལ་བའི་བཀའ་སྡེ་སྣོད་དྲི་མ་མེད་པ་དང་། དེ་དང་དེའི་དགོངས་པ་འགྲེལ་པར་བྱེད་པའི་བསྟན་བཅོས་གཞུང་ལུགས་དུ་མ་དང་བཅས་པ་རྣམས་ལ་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས། བློ་གྲོས་ཀྱི་སྟོབས་ཐོགས་པ་མེད་པ་ཐོབ་པས་ཆོས་ཀྱི་སྒོ་མཐའ་ཡས་པ་དབྱེ་བར་ནུས་པ། ཤེས་བྱ་ཅི་སྙེད་པ་ལ་བློ་གྲོས་ཀྱི་སྣང་བ་རབ་ཏུ་རྒྱས་པས་གདུལ་བྱའི་རྒྱུད་ཡོངས་སུ་སྨིན་པ་ལ་མཁས་པ་སྟེ། དེ་ལྟ་བུའི་སྐྱེས་བུ་མཆོག་རྣམས་ཀྱིས་བཀའ་བརྒྱུད་རིན་པོ་ཆེའི་དགོངས་པ་རྫོགས་པར་བྱེད་དོ། །འབྲིང་དུ་གྱུར་པ་ནི། དེ་དང་དེ་ལྟ་བུའི་དོན་གྱི་མི་ངལ་བའི་བརྩོན་པས་རྩེ་གཅིག་ཏུ་རྩོལ་བའི་སྐལ་བ་དང་ལྡན་པ་དག་སྟེ། བཀའ་བརྒྱུད་རིན་པོ་ཆེའི་རྗེས་སུ་མཐུན་པར་འགྱུར་ལ། ཚུལ་དེ་ལྟ་བུ་དང་མི་མཐུན་པ་དག་ཀརྨ་པ་ལ་གཏོགས་པ་ཡིན་ཟེར་ནས་དཀོན་མཆོག་གི་དཀོར། བླ་མའི་དད་རྫས་དང་། ཚེ་འདིའི་ལྟོ་གོས་ཀྱི་ཕྱིར་རྒྱུད་ཉོན་མོངས་ཀྱི་དབང་དུ་བཏང་ནས་ཆོས་བརྒྱད་ཀྱི་སོ་ནམས་བསྒྲུབ་ཅིང་། ཆོས་དང་ལྡན་པའི་དགེ་བའི་བཤེས་གཉེན་འགའ་ཙམ་གྱིས། གདམས་པའི་གནད་ཅི་རིགས་བསྟན་དུ་ཟིན་ཀྱང་ཉམས་སུ་མི་ལེན་པ་མ་ཟད། ལས་རྒྱུ་འབྲས་ཀྱི་ཆ་ཙམ་ལའང་འཛེམ་པར་མི་སྤྱོད་པའི་ཁྱིམ་པ་བན་གཟུགས་ཅན་རྣམས་ཀྱིས། བསྒྲུབ་རྒྱུད་རིན་པོ་ཆེ་འདི། ཅི་ལྟར་འཛིན་སྐྱོང་སྤེལ་བར་བྱེད། དེས་ན་དེ་དང་དེ་འདྲ་བའི་མི་རིགས་རྣམས་ཀྱིས། བསྒྲུབ་བརྒྱུད་རིན་པོ་ཆེ་འདི་ལ་གཏོགས་པ་ཡིན་བྱས་སུ་ཟིན་ཀྱང་བླ་མ་ཡིད་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་རྗེས་སུ་འཛིན་པ་དང་། བསྲུང་སྐྱོབ་པར་ག་ལ་འགྱུར། སླར་ལ་བཀའི་ཆད་པས་སྡིག་པར་འགྱུར་རོ། །ཚུལ་འདི་འདི་ན་མངོན་སུམ་དུ་གསལ་བར་སྣང་ངོ་། །དེའི་ཕྱིར་ན་དབང་པོ་དམན་པ་སྐལ་བ་ཐ་མར་གྱུར་པས་ཀྱང་བླ་མ་ལ་སངས་རྒྱས་དངོས་སུ་ངེས་པས་དད་པ་གསུམ་དང་མི་འབྲལ་བར་བྱ་བ་དང་། འཁོར་བ་ལ་སྐྱོ་ཤས་ཡིད་འབྱུང་གི་བློ་དང་ལྡན་པས། ཐར་པ་བསྒྲུབ་པ་ལ་མངོན་དུ་ཕྱོགས་པ། ལས་རྒྱུ་དང་འབྲས་བུའི་དོན་རབ་ཏུ་ངེས་པས་འཇུག་ལྡོག་ཚུལ་བཞིན་དུ་སློབ་པ་སོགས་ཅི་ནུས་ཀྱིས་དམ་པའི་ཆོས་ལ་རྩེ་གཅིག་ཏུ་སྦྱོར་བར་བྱའོ། །ཡི་གེ་འདི། ལན་གྲངས་མང་དུ་བྲིས་ཏེ་ཐམས་ཅད་ལ་མཐོང་དུ་ཆུག ཐོས་སུ་ཆུག །གོར་ཆུག །ཤེས་སུ་ཆུག །རང་རང་གིས་ཀྱང་ཡིད་ལ་ངེས་པར་བྱའོ། །བཀྲ་ཤིས་དཔལ་འབར་བསྟན་པ་རྒྱས་འབར། འཛམ་གླིང་རྒྱལ་བའི་རྒྱན་དུ་ཤོག །སོག་གི་སེར་ཕུར།
Painting: Collection of Tambaram Gallery, New York
11/05/2026
09/04/2026
༄༅། །རྗེ་བཙུན་སྒྲོལ་མ་དཀར་མོ་ལ་བསྟོད་པ་ཨུཏྤལ་གཞོན་ནུའི་
མགུལ་རྒྱན་ཞེས་བྱ་བ་བཞུགས་སོ། །
རབ་འབྱམས་རྒྱལ་བའི་མཛད་པ་ཇི་སྙེད་པ། །
སྣ་ཚོགས་ཚོན་གྱིས་བསྒྱུར་བའི་མན་ཤེལ་བཞིན། །
མ་འདྲེས་ཅིར་ཡང་འཆར་བ་སྒྱུ་མའི་འཕྲུལ། །
ཕྲིན་ལས་ལྷ་མོའི་སྐུར་བཞེངས་ཁྱོད་ལ་འདུད། །
དཔལ་ལྡན་འཇིག་རྟེན་གསུམ་གྱི་དབང་ཕྱུག་གི། །
ཐུགས་རྗེའི་སྤྱན་གྱི་ཆབ་རྒྱུན་ལས་བྱུང་ཞིང་། །
འགྲོ་ཀུན་བུ་ལྟར་བརྩེ་བའི་མ་གཅིག་པུ། །
གྲུ་འཛིན་རི་ཡི་མཛེས་མ་ཁྱོད་ལ་འདུད། །
འཁོར་བ་མ་སྟོང་བར་དུ་བུད་མེད་ཀྱི། །
རྣམ་པ་ཁོ་ནས་འགྲོ་དོན་བྱེད་དོ་ཞེས། །
སྔོན་མེད་དམ་བཅའ་མཛད་པས་མ་རྣམས་ལ། །
མི་འཇིགས་དབུགས་དབྱུང་སྩོལ་བ་ཁྱོད་ལ་འདུད། །
འབུམ་ཕྲག་ཟླ་བ་ཞུན་མའི་རྩིགས་ངོས་ལ། །
ཚངས་ཆེན་པིར་གྱིས་བྲིས་ཀྱང་མི་མཚོན་པའི། །
སྲིད་ཞིའི་མཚར་སྡུག་ཡོངས་སུ་རྫོགས་པའི་དཔྱིད། །
རབ་དཀར་ཚེ་ཡི་ལྷ་མོ་ཁྱོད་ལ་འདུད། །
སྒྲིབ་བྲལ་ཐུགས་རྗེའི་སྤྱན་གྱིས་དུས་དྲུག་ཏུ། །
འགྲོ་ཀུན་སུ་ཞིག་རྒུད་དམ་དར་བའི་ཚུལ། །
ཡང་ཡང་བརྩེ་བས་གཟིགས་ཀྱང་མ་ངོམས་པར། །
ཡེ་ཤེས་སྤྱན་བདུན་སྤྲུལ་པ་ཁྱོད་ལ་འདུད། །
ཚོགས་གཉིས་རིན་ཆེན་རྒྱན་ཆའི་ཁུར་དུད་པའི། །
སྣ་ཚོགས་འདོད་རྒུ་སྦྱིན་པའི་ཕྱག་རྒྱ་ལས། །
ངོ་མཚར་འཆི་བ་མེད་པ་བདུད་རྩིའི་རྒྱུན། །
རིས་མེད་འགྲོ་ལ་སྟེར་བ་ཁྱོད་ལ་འདུད། །
སྙིང་རྗེའི་དྲི་བསུང་རབ་རྒྱས་ཨུཏྤ་ལའི། །
ཡུ་བ་ཐུགས་ཀར་འཛིན་པའི་འཇོ་སྒེག་གིས། །
བརྒྱད་གཉིས་འཇིགས་པས་མནར་བའི་འགྲོ་བ་ཀུན། །
བརྩེ་བའི་འཛུམ་གྱིས་བསུ་བ་ཁྱོད་ལ་འདུད། །
སྟོན་ཟླ་རྒྱས་པའི་དཔལ་ལྟར་མཛེས་པའི་སྐུ། །
སྐལ་བཟང་རྣ་བར་འཇེབས་པ་ཚངས་པའི་གསུང། །
ཟབ་ཡངས་ཐུགས་ཀྱི་རྒྱ་མཚོ་གཏིང་མཐའ་མེད། །
ཡིད་བཞིན་འཁོར་ལོའི་སྐུ་གསུང་ཐུགས་ལ་འདུད། །
རྣམ་དག་ཡིད་ཀྱི་མེ་ལོང་གཙང་མའི་ངོས། །
བཅུ་དྲུག་ལང་ཚོ་རྫོགས་པ་རྗེ་བཙུན་མའི། །
ཕྲ་རགས་ལྷ་སྐུའི་གསལ་སྣང་མཐར་ཕྱིན་ཏེ། །
སྣང་སྲིད་དཀྱིལ་འཁོར་འཁོར་ལོར་འཆར་བར་མཛོད། །
སྒོ་གསུམ་སྐུ་གསུང་ཐུགས་དང་དབྱེར་མེད་པར། །
ལྷ་སྔགས་སྙིང་པོ་ཡི་གེ་བཅུ་པ་སོགས། །
བཟླས་བརྗོད་ཆུ་བོའི་རྒྱུན་བཞིན་བརྩོན་པ་ཡིས། །
ལས་བཞིའི་ཕྲིན་ལས་ལྷུན་གྱིས་འགྲུབ་པར་མཛོད། །
ཡིད་བཞིན་འདོད་པ་འཇོ་བའི་འཁོར་ལོའི་དབུས། །
ཏཱྃ་ཡིག་སྔགས་ཕྲེང་འོད་ཀྱི་དྲྭ་བ་ཅན། །
འཕྲོ་འདུས་འཁོར་འདས་ཡོངས་ཀྱི་ཚེ་བཅུད་ཀུན། །
མི་ཤིགས་སྲོག་གི་ཐིག་ལེར་བསྡུ་བར་མཛོད། །
དྲི་མེད་ཆུ་ཤེལ་ནོར་བུའི་གུར་ཁྱིམ་ནི། །
སྣ་ཚོགས་འོད་དང་ཨུཏྤལ་གཞོན་ནུས་གཏམས། །
འཇིག་དུས་རླུང་གི་རྒྱུན་ཡང་མི་ཐར་བའི། །
རྡོ་རྗེའི་སྲུང་བའི་གུར་དུ་སྦ་བར་མཛོད། །
དཀར་དམར་ཐིག་ལེས་བཀག་པའི་དྷཱུ་ཏིའི་ཀློང་། །
རླུང་སེམས་རང་བཞིན་ཏཱྃ་ཡིག་འོད་འབར་བར། །
ལས་རླུང་ཆ་དང་བཅས་པ་རབ་ཞུགས་པས། །
འཕོ་མེད་རྡོ་རྗེའི་ལང་ཚོ་འགྲུབ་པར་མཛོད། །
གཟུང་འཛིན་འཁྲུལ་པའི་སྣང་བ་ཇི་སྙེད་པ། །
བརྗོད་མེད་ནཱ་དའི་དབྱིངས་སུ་རབ་བསྡུས་ནས། །
འོད་གསལ་ལྷན་སྐྱེས་འཕགས་མའི་རང་ཞལ་ཉིད། །
སྒྲིབ་མེད་རྗེན་པར་མཐོང་བར་བྱིན་གྱིས་རློབས། །
རང་རིག་དོན་གྱི་ཡེ་ཤེས་སྤྱན་རས་གཟིགས། །
རང་མདངས་ལྷ་མོར་འཆར་བ་རྗེ་བཙུན་མ། །
རང་བྱུང་ཆུ་མཚོར་རོལ་པའི་ཟླ་བ་ལྟར། །
རང་དང་དབྱེར་མེད་འགྲུབ་པར་བྱིན་གྱིས་རློབས། །
རྣམ་དཀར་ལེགས་བྱས་སྲད་བུས་སྦྲེལ་བ་ཡི། །
སྐྱེ་བའི་ཚེ་རབས་མཱལླི་ཀ་ཡི་ཕྲེང། །
ཐུགས་རྗེའི་ཕྱག་གིས་ནམ་ཡང་མི་འདོར་བར། །
ཕན་བདེའི་དྲི་བསུང་རབ་ཏུ་འཕྲོ་གྱུར་ཅིག །
ཇི་སྲིད་ནམ་མཁའི་དཀྱིལ་འཁོར་མ་ཟད་བར། །
དེ་སྲིད་བདག་ཀྱང་སེམས་ཅན་རེ་རེའི་ཕྱིར། །
གྲངས་མེད་བསྐལ་པའི་བར་དུ་ལེགས་གནས་ནས། །
མཛད་པ་སྨོན་ལམ་ཁྱོད་ལྟར་འགྲུབ་པར་ཤོག །
ཅེས་པ་འདིའང་དད་པའི་ནོར་ལྡན་ཀརྨ་བསམ་གཏན་གྱིས་བགྲང་བྱ་དུ་མའི་སྔོན་ནས་བསྐུལ་མ་མཛད་པ་དང་། ཉེ་བའི་ལོ་ཤས་ནང་རང་ཉིད་ཀྱང་རྗེ་བཙུན་མ་འདི་ཉིད་ཀྱི་ཆོས་སྐོར་ཟབ་མོ་དུ་མ་ལ་བསླབ་སྦྱངས་ཅུང་ཟད་བགྱིས་པའི་ཉེར་ལེན་དང་། ལྷག་པར་གསར་རྩོམ་སྒྲོལ་དཀར་གྱི་བརྟན་བཞུགས་ལ་འཇུག་རྒྱུའི་བསྟོད་པ་ཞིག་བརྩམས་ན་ལེགས་ཚོགས་སུ་ཆེ་བར་མཐོང་བའི་རྐྱེན་བྱས་ཏེ། ལྷག་པའི་ལྷ་མོ་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་ཆེ་བ་དང་། ཕན་ཡོན་རྗེས་སུ་དྲན་པའི་སྒོ་ནས་དཔལ་ཀརྨ་པའི་མཚན་གྱི་མེ་ཏོག་སྤྱི་བོར་ཕོག་པ། ཨོ་རྒྱན་ཕྲིན་ལས་སུ་འབོད་པའི་གྱི་ན་བ་དེས། མེ་རྟ་ལོའི་བོད་ཟླ་ ༢ ཚེས་ ༩ (སྤྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༢༧ ) ས་ཆུ་འཕྲོད་པའི་སྦྱོར་བ་བཟང་པོ་ལ་གྲུབ་པར་བགྱིས་པའི་དགེ་བ་འདིས་ཀྱང་བདག་ལ་བཟང་ངན་ལས་ཀྱིས་འབྲེལ་བའི་སེམས་ཅན་ཐམས་ཅད་རྗེ་བཙུན་མས་རྣམ་པ་ཀུན་ཏུ་རྗེས་སུ་བཟུང་ནས། མཐར་ཐུག་འཆི་མེད་རྟག་པ་དམ་པའི་གོ་འཕང་བདེ་བླག་ཏུ་འཐོབ་པའི་རྒྱུར་གྱུར་ཅིག་གུ །སརྦ་མངྒ་ལཾ།། །།
(Painting: Simon Zhu)
16/02/2026
03/02/2026
Click here to claim your Sponsored Listing.
Category
Contact the organization
Telephone
Website
Address
Delhi
110048
Opening Hours
| Monday | 9am - 5pm |
| Tuesday | 9am - 5pm |
| Wednesday | 9am - 5pm |
| Thursday | 9am - 5pm |
| Friday | 9am - 5pm |
| Saturday | 9am - 2pm |